(Translated by https://www.hiragana.jp/)
བླུགས་བཟོ། - Wikipedia Jump to content

བླུགས་བཟོ།

Wikipedia ལས།
The printable version is no longer supported and may have rendering errors. Please update your browser bookmarks and please use the default browser print function instead.

༉ ང་བཅས་རའི་དཔལ་ལྡན་འབྲུག་པའི་རྒྱལ་ཁབ་འདི་ནང་ བླུགས་བཟོ་དེ་ཡང་ དང་ཕུ་ལས་དར་ཁྱབ་བྱུང་སྟེ་ཡོདཔ་ཨིན་པས། དེ་ཡང་ མཆོད་ཆའི་རིགས་དཔེར་ན་ རྡོ་རྗེ་དང་དྲིལ་བུ། ཏིང་ཤག་དང་ ཕྲིན་ལས་ཀྱི་ལག་ཆའི་རིགས་ ཕུར་པ་དང་དགྲ་སྟ་ཚུ་དང་། གཞན་ཡང་ སྐུ་འདྲ་ཚུ་ བླུགས་བཟོ་རིག་པ་ལས་བརྟེན་ཏེ་བྱུང་བྱུངམ་ཨིན་མས། བླུགས་བཟོ་ལུ་དབྱེ་བ་ཅིན་ བྱེ་བླུགས་དང་སྤྱ་བླུགས་ཟེར་ ལྷམ་པ་མ་འདྲཝ་གཉིས་ཡོདཔ་ཨིན་པས། དང་པ་ བྱེ་བླུགས་ཟེར་མི་འདི་ སྐུ་དང་མཆོད་ཆས་ཚུ་བླུག་པའི་སྐབས་ སྐུ་རང་འབྱུང་དང་ ཡང་ན་ དུམ་བུར་བཅད་དེ་བསྐལ་པའི་བྱེམ་གྱི་ནང་ལུ་ འབུར་འཐོན་ནིའི་དོན་ལུ་ ཟངས་དང་གསེར། དངུལ་ཚུ་བཞུ་སྟེ་རྒྱུ་ལམ་གྱི་ཐོག་ལས་བླུགས་ཏེ་བཟོ་མི་འདི་ལུ་ བྱེ་བླུགས་ཟེར་སླབ་ཨིན་པས། བྱེ་བླུགས་འདི་ལཱ་འཇམ་པའི་ཁར་ སྤྱ་བླུགས་དང་ཕྱདཔ་ད་མགྱོགས་ནི་ཨིན་མས། སྤྱ་བླུགས་ཟེར་མི་འདི་ སྐུ་དང་གཞན་ག་ཅི་ར་བླུགས་རུང་ དང་པ་ར་ སྤྱ་ཚིལ་གྱིས་དངོས་སྤྱད་ཀྱི་རྣམ་པ་ལེགས་ཤོམ་སྦེ་བཟོ་སྟེ་ འདམ་དང་ནོར་གྱི་ཨ་བ་སླ་བསྲེས་རྐྱབ་ཞིནམ་ལས་ གར་སླ་རན་ཏོག་ཏོ་བཟོ་སྟེ་ ཕྱི་ཁ་ལས་དབུར་ཏེ་ ཉི་གྲིབ་ནང་ཚར་ལེ་ཤ་བསྐམ་དགོཔ་ཨིན། འདམ་གྱི་ནང་ལུ་ཡོད་པའི་དངོས་སྤྱད་སྤྱ་ཚིལ་གྱིས་བཟོ་སྟེ་ཡོད་མི་འདི་ བཞུ་ནི་དང་འདམ་འདི་བསྐམ་ནིའི་དོན་ལུ་ མེ་མ་བཏུབ་བཏུབ་སྦེ་གཏང་དགོ། དེའི་ནང་ལུ་ རྒྱུ་ག་ཅི་བླུགས་ཡོད་རུང་བཞུ་སྟེ་ བླུག་མི་དེ་ལུ་ སྤྱ་བླུགས་ཟེར་སླབ་ཨིན་པས།
འབྲུག་ལུ་བླུགས་བཟོ་འདི་ ཞབས་དྲུང་རིན་པོ་ཆེ་དང་རྒྱལ་སྲས་བསྟན་འཛིན་རབ་རྒྱས། སྡེ་སྲིད་ ༡༦ པ་ བསོད་ནམས་ལྷུན་གྲུབ་ ཡང་ན་ གཞི་དར་གྱི་སྐབས་ལུ་དང་ ལྷག་པར་དུ་ ཐ་བྲག་དགོན་པའི་བླམ་རིམ་འབྱོན་ཚུ་ ཕུར་པའི་ཉམས་བཞེས་མཛདཔ་ལས་ གཙང་མཁན་ཆེན་འཇམ་དབྱངས་རྒྱ་མཚོའི་དངོས་སློབ་ རྒྱ་མཚོ་རྣམ་དྲུག་གི་སྐབས་ལུ་ མཚན་མ་རྫས་ཀྱི་ཕུར་པ་ཨེ་ཁྲམ་དང་ རྡོ་རྗེ་དྲིལ་བུ་ཚུ་ བླུག་པའི་ས་དོང་གི་ཤུལ་ ཐ་བྲག་དགོན་པ་ལུ་ ད་ལྟོའི་བར་ན་ཡང་མཐོང་སྲོལ་ཡོདཔ་ཨིན་མས། དེ་ལས་ རྒྱལ་སྲས་བསྟན་འཛིན་རབ་རྒྱས་ཀྱི་སྐབས་ བྱེ་བླུགས་དང་སྤྱ་བླུགས་གཉིས་ཀྱི་ཐོག་ལས་ རྡོ་རྗེ་དྲིལ་བུ་དང་ཕུར་པ། གང་གཟར་བླུགས་གཟར། ཏིང་ཤག། སྐུ་བླུགས་བླུགསཔ་ཚུ་ ད་ལྟོའི་བར་ན་ཡང་ འབྲུག་པའི་རྫོང་གཞིས་དང་དགོན་སྡེ་ལ་ལུ་ཅིག་ནང་ མཇལ་ནི་ཡོདཔ་ཨིན་པས། དེ་བསྒང་ རྒྱ་བོད་དང་ཧོར་གྱི་རྒྱལ་ཁབ་ག་ཏེ་ལུ་ཡང་མེད་པའི་དྲིལ་བུ་སྐད་སྙན་དང་བཟོ་བཀོད་ཁྱད་པར་འཕགས་པའི་ལྷོ་དྲིལ་ཟེར་འགངས་ཅན་དང་བརྩི་མཐོང་སྦོམ་ཡོད་པའི་ལོ་རྒྱུས་ཚུ་ཡང་འདུག། དེ་ལས་རིམ་པ་བཞིན་དུ་ རྒྱལ་ཁབ་ནང་ བླུགས་བཟོ་མཁས་པ་ལེ་ཤ་བྱོན་ཏེ་ མཆོད་ཆས་ཀྱི་རིགས་མང་རབས་ཅིག་བླུགས་གནང་ཡོདཔ་མ་ཚད་ གཞུང་གིས་ སྤྱི་ལོ་ ༡༩༨༧ ལུ་ ཐིམ་ཕུག་ལུ་ བླུགས་བཟོའི་སྡེ་གསརཔ་གཞི་བཙུགས་གནང་ཡོདཔ་ཨིན་པས།
བླུགས་བཟོའི་ལཱ་འབད་བའི་སྐབས་ ལག་ཆ་ག་ཅི་ར་དགོཔ་ཨིན་ན་ཟེར་བ་ཅིན་ གསེར་དངུལ་ཟངས་ཚུ་བཞུ་སའི་བཞུ་ཀོང་ཆེ་ཆུང་དང་ མེ་ཐབ་ཀྱི་ནང་ལུ་ རྡོ་སོལ་ནགཔོ་དང་ ཤིང་ས་ཀྲག་གི་སོལ་མོ་ཚུ་བླུག་དགོཔ་ཨིན། དེ་ལས་ བྱེ་བླུགས་ཀྱི་སྐབས་ལུ་འབད་བ་ཅིན་ བསྐལ་པའི་བྱེམ་བརྔོ་ནིའི་དོན་ལུ་ ལྕགས་ཀྱི་སླ་ང་ཆེ་ཆུང་དང་ བྱེམ་བསིག་ཚགས་ཆེ་ཆུང་། བྱེམ་བརྫི་ནིའི་ཧོད་ཆེ་ཆུང་། བྱེ་འདམ་བཀང་སྟེ་ ཕུར་པ་དང་སྐུ་གི་བཟོ་དབྱིབས་བཟོ་ནིའི་ལྕགས་ལེབ་དང་ ཡང་ན་ ཤིང་གི་གཞོང་པ་ཆེ་ཆུང་དང་ ཤིང་གི་ཐོཝ། དེ་ལས་བྱེ་དམ་འབར་འབུར་ཚུ་སྙོམས་ཏོག་ཏོ་བཟོ་ནིའི་དོན་ལུ་ ཀྲེག་ནིའི་གྱི་ཅུང་། ཀོཝ་དང་འཕྲུལ་ཆས་མ་འདྲཝ་ཚུ་དགོཔ་ཨིན། གཞན་ཡང་ རི་མོ་གསལ་རི་རི་མ་ཐོན་པ་ཅིན་ སྤྲོས་བརྐོ་རྐྱབ་སྟེ་བཟོ་ནིའི་དོན་ལུ་ གཟོང་ཆེ་ཆུང་དང་ཐོཝ། གསེག་རྡར་གྲུ་གསུམ། ཟུར་བཞི། ཟླུམ་པོ་དང་ཟླ་གམ་སྣ་ཚོགས་དགོ་ནི་ཨིན་རུང་ བླུགས་བཟོ་རང་སོའི་ལུགས་སྲོལ་དང་བསྟུན་ཏེ་ དགོས་མཁོའི་ལག་ཆ་སྣ་ཚོགས་དགོཔ་ཨིན་པས།
མདོར་བསྡུ་བ་ཅིན་ བླུགས་བཟོ་རིག་པ་དེ་ཡང་ ང་བཅས་རའི་རྒྱལ་ཁབ་ནང་ལུ་ སྔོན་གོང་ལས་དར་ཏེ་ཡོད་པའི་ལམ་སྲོལ་བཟང་པོ་ཅིག་ཨིན་པའི་ཁར་ མང་ཆེ་ཤོས་ཅིག་ སྐུ་དང་མཆོད་ཆས་ཀྱི་རིགས་ཚུ་ བླུགས་བཟོ་སྦེབཟོ་སྲོལ་ཡོདཔ་ཨིན་པས། བླུགས་བཟོ་ལུ་ བྱེ་བླུགས་དང་སྤྱ་བླུགས་ཟེར་ དབྱེ་བ་གཉིས་ཡོདཔ་ཨིནམ་དང་ ལུགས་གཉིས་ཆ་ར་ འབྲུག་ལུ་ཁྱབ་ཆེཝ་སྦེ་ དར་ཏེ་ཡོདཔ་ཨིན་པས། བླུགས་བཟོ་འདི་ དཔལ་ལྡན་འབྲུག་པའི་ལམ་སྲོལ་རྙིངམ་ཅིག་ཨིནམ་ལས་ མི་ཉམས་གོང་འཕེལ་གཏང་ནི་དང་ ཉམས་པ་སོར་ཆུད་འབད་དེ་བཞག་དགོཔ་འདི་ གནམ་མེད་ས་མེད་གལ་ཆེ་ཤོས་ཅིག་ཨིན་ནོ།

ཁུངས་གཏུག།

  1. ཀེ་ཨེམ་ཀྲི་དཔེ་སྐྲུན་ཁང་། (༢༠༠༤) ལྷོའི་ཆོས་འབྱུང་འཇམ་མགོན་སྨོན་མཐའི་ཕྲེང་བ། ཐིམ་ཕུག། ཀེ་ཨེམ་ཀྲི་དཔེ་སྐྲུན་ཁང་།
  2. མཁན་པོ་ཕུན་ཚོགས་བཀྲ་ཤིས། (༢༠༠༣) འབྲུག་གི་བཟོ་རིགས་བཅུ་གསུམ་གྱི་བཤད་པ་མཁས་པའི་དགའ་སྟོན། ཐིམ་ཕུག། སྐལ་བཟང་གཞན་ཕན།
"https://dz.wikipedia.org/w/index.php?title=བླུགས་བཟོ།&oldid=29392" ལས་ སླར་འདྲེན་འབད་ཡོདཔ།